བོད་ལྗོངས།
བོད་དུ་ཐུམ་འབུའི་ནད་སྤྱིར་ན་ཚོད་འཛིན་ཐུབ་ནས་ནད་གཞི་ཕོག་ཚད་0.26%བར་ཆག་པ།

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་12ཚེས་16ཉིན་གློག་འཕྲིན་འབྱོར་གསལ། སྔོན་མ་ས་མཐོའི་མང་ཚོགས་ཀྱིས་ཐོས་པ་ཙམ་གྱིས་དངངས་སྐྲག་བྱེད་པའི་ཐུམ་འབུའི་ནད་འདི་ད་ཆ་ལོ་རྒྱུས་ཀྱི་གར་སྟེགས་ནས་རིམ་པས་ཕྱིར་འཐེན་བྱེད་བཞིན་ཡོད། བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་སྐལ་བཟང་གཡུ་སྒྲོན་གྱིས་མི་ཚོགས་ལ་དབྱེ་འབྱེད་བརྟག་དཔྱད་དང་རིན་མེད་ཀྱིས་སྨན་བཅོས་བྱས་པ་བརྒྱུད་བོད་རང་སྐྱོང་ལྗོངས་ཀྱི་རྫོང(ཆུས)74ཡི་ཁྲོད་ནས་མི་ཚོགས་ལ་ཐུམ་འབུའི་ནད་ཕོག་ཚད་1%ལས་དམའ་བའི་རྫོང(ཆུས)70ཟིན་ཏེ། ནད་ཕོག་ཚད་2016ལོའི་1.66%ནས་ད་ཆའི་0.26%བར་ཆག་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་ཧ་ལམ་མཚུངས་ཡོད་ཅེས་གསར་འགོད་པར་བཤད།

    དེ་ཐོག་ནས་སྔོན་མ་བོད་ལ་ཐུམ་འབུའི་ནད་ཐོན་མང་བའི་གནས་སྟངས་ལ་སྤྱིར་ན་ཚོད་འཛིན་ཐུབ་པ་མཚོན་གྱི་ཡོད།

    

    བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པའི་སྨན་པ་ཀྲང་ཆིང་ཏཱ་ཡིས་ཐུམ་འབུའི་ནད་ཀྱི་ནད་པའི་CTལ་ལྟ་བ། (2017ལོའི་ཟླ་11ཚེས་4ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།

    ཐུམ་འབུའི་ནད་ནི་ས་མཐོའི་ཞིང་འབྲོག་ཁུལ་གྱི་མང་ཚོགས་ཀྱི་ཚེ་སྲོག་དང་བདེ་ཐང་ལ་གནོད་འཚེ་ཆེན་པོ་བཟོ་བའི་ནད་གཞི་ཞིག་ཡིན་ལ། བོད་འདི་ཉིད་ནད་ཀྱིས་རྐྱེན་པས་དབུལ་པོར་གྱུར་པ་དང་ནད་ཀྱིས་རྐྱེན་པས་དབུལ་པོ་བསྐྱར་ལོག་བྱེད་པའི་རྒྱུ་རྐྱེན་གལ་ཆེན་གྲས་ཤིག་ཀྱང་རེད། 2016ལོར་འབྲེལ་ཡོད་སྡེ་ཚན་གྱིས་བརྟག་དཔྱད་བྱས་པར་གཞིགས་ན། བོད་ཀྱི་རྫོང(ཆུས)74ཚང་མར་ཐུམ་འབུའི་ནད་ཕོག་མཁན་ཡོད་པ་མ་ཟད། མི་ཚོགས་ཁྲོད་ཆ་སྙོམས་ནད་གཞི་ཕོག་ཚད་1.66%ཟིན་ནས། རང་རྒྱལ་གྱི་ས་ཁོངས་ཧྲིལ་པོར་མཆེད་པ་དང་ནད་གཞི་ཕོག་ཚད་མཐོ་བའི་ཞིང་ཆེན་འབའ་ཞིག་དེར་གྱུར་ཡོད།

    2016ལོར་བོད་ཀྱིས“རྫོང་གིས་ཤང་མ་ལུས་པ་དང་། ཤང་གིས་གྲོང་ཚོ་མ་ལུས་པ། གྲོང་ཚོས་དུད་ཚང་མ་ལུས་པ་བཅས་བྱེད་པའི”ལོ་རྒྱུས་སྟེང་གི་གཞི་ཁྱོན་ཆེ་ཤོས་ཀྱི་ཐུམ་འབུའི་ནད་དབྱེ་འབྱེད་བརྟག་དཔྱད་ཀྱི་ལས་དོན་སྤེལ་འགོ་བཙུགས་ཤིང་། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་17གྱིས་རིགས་གཅིག་མཁས་ཅན་500ཙམ་བཏང་བ་དང་བོད་ཀྱི་ཆེད་ལས་མི་སྣ་3000ལྷག་ལས་གྲུབ་པའི་དབྱེ་འབྱེད་བརྟག་དཔྱད་ཚོགས་ཆུང་800ལྷག་བཙུགས་ཏེ། ལྗོངས་ཡོངས་ནང་ཐུམ་འབུའི་ནད་མཆེད་ཚུལ་བརྟག་དཔྱད་བྱས་ནས། ལོ་གཉིས་ཡན་གྱི་མི་ཚོགས་ལ་དབྱེ་འབྱེད་བརྟག་དཔྱད་བྱ་རྒྱུ་ཁྱོན་ཡོངས་ལ་ཁྱབ་པར་བྱས་པ་དང་། ནད་དཔེ་ཁྲི་2.68ལྷག་བརྟག་དཔྱད་ཐུབ་པ། མི་ཚོགས་ལ་དབྱེ་འབྱེད་བརྟག་དཔྱད་ཁྱབ་ཚད་99.21%ཟིན་ཡོད་པ་རེད།

    

    ཨན་ཧུད་ཞིང་ཆེན་གྱི་བོད་སྐྱོར་སྨན་བཅོས་མི་སྣས་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་སླད་མོན་པ་མི་རིགས་ཤང་དུ་ས་གནས་དེ་གའི་གྲོང་མིར་Bསྒྲ་རླབས་བརྟག་དཔྱད་བྱས་ཏེ་ཐུམ་འབུའི་ནད་གྲལ་བཤེར་བྱེད་པ། (2017ལོའི་ཟླ་8ཚེས་7ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།

    མི་ཚོགས་ཧྲིལ་པོའི་དབྱེ་འབྱེད་བརྟག་དཔྱད་ཀྱི་རྨང་གཞིའི་ཐོག ཐུམ་འབུའི་ནད་ཀྱི་སྨན་བཅོས་ལ་ཕན་ནུས་ལྡན་པ་ཡོང་ཆེད། བོད་ཀྱིས་ཞིང་འབྲོག་ཁུལ་དུ་གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ནད་ཆེན་འགན་བཅོལ། སྲིད་གཞུང་གི་ནོར་སྲིད་བཅས་ཕྱོགས་གསུམ་གྱི་མ་དངུལ་སྤྱི་འདོམས་བྱས་ཏེ། ལྗོངས་ཡོངས་སུ་དམིགས་འཛུགས་སྨན་ཁང་དང་ཐུམ་འབུའི་ནད་ཕོག་པའི་ནད་པ་སྡོད་སའི་ཉལ་ཁྲི་བཙུགས་ནས་གཤགས་བཅོས་བྱེད་པའི་ཆ་རྐྱེན་འཛོམས་པའི་ནད་པར“བོད་ནས་ཐོན་མི་དགོས་པ་དང་། སྔོན་མངགས་བྱེད་མི་དགོས་པ། བསྒུགས་མི་དགོས་པ། སྨན་རིན་གཏོང་མི་དགོས་པ”བཅས་ཡོང་བ་བྱས་པ་རེད།

    2019ལོའི་ལོ་མཇུག་བར་བོད་ཀྱིས་ཐུམ་འབུའི་ནད་ཕོག་པའི་ནད་པ་5057ལ་གཤགས་བཅོས་བྱས་ནས་སྨན་བཅོས་བྱེད་ཚད་77.62%ཟིན་པ་དང་། སྨན་གྱིས་སྨན་བཅོས་བྱེད་ཐུབ་པའི་ཚད་གཞི་དང་མཐུན་པའི་ནད་པར་སྨན་གཅིག་གྱུར་ཉོས་ནས་སྤྲད་པ་མ་ཟད། ཤང་འཕྲོད་བསྟེན་ཁང་གིས་ཐོ་འགོད་བྱས་ནས་སྐབས་འཕྲལ་ལྟ་བར་ཡོང་སྟེ་དོ་དམ་བྱེད་ཀྱི་ཡོད་པ་རེད།

(འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001396004661