གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། དམངས་ ཀྱི་ འབོད་ སྒྲ་ ཉན། དམངས་ ཀྱི་ བློ་ གྲོས་ འདུས། དམངས་ ཀྱི་ སེམས་ ཁྲལ་ བསལ།

 
2016-01-27        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    —— 2015ལོའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྐོར་གྱི་སྒྲིལ་གླེང་།

    2015ལོ་ནི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པའི་ལོ་ཞིག་ཡིན།

    ལོ་དེར་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་རང་ཉིད་ལོ་ལྔ་བཅུ་འཁོར་བའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས་པ་དང་མི་རྣམས་ཀྱིས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དེ་བོད་དུ་དུས་རབས་ཕྱེད་ཀ་ལག་བསྟར་བྱས་པའི་སྤྱིར་བཏང་མིན་པའི་ལོ་རྒྱུས་དང་འོད་སྟོང་འཕྲོ་བའི་གྲུབ་འབྲས་བསྐྱར་དྲན་བྱས་ཡོད།

    ལོ་གཅིག་ནང་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་རླབས་རྒྱུན་ཁྲོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་འཛུགས་ལས་དོན་གྱི་གལ་ཆེའི་བྱ་བ་ལྗོངས་ཏང་ཨུད་ལ་དགོངས་སྐོར་སྙན་ཞུ་བྱེད་པའི་ལམ་ལུགས་དང་། ཁྲིམས་འཛུགས་གྲོས་མོལ་ལམ་སྲོལ་བསམ་འཆར། ཁྲིམས་སྲོལ་འཆར་ཟིན་བསྡུ་ལེན་གྱི་བསམ་འཆར་གཏན་འབེབས། ཁྲིམས་འཛུགས་ཚོད་སྐོར་བྱེད་ཐབས་བཅས་བཏོན་པ་དང་རིགས་གཅིག་མཁས་ཅན་35ལས་གྲུབ་པའི་ཁྲིམས་འཛུགས་ཇུས་འདྲིའི་རིགས་གཅིག་མཁས་ཅན་མཛོད་བཙུགས་པ་དང་གསར་དུ་བཙུགས་པའི་གྲོང་ཁྱེར་དང་ས་གནས་ཀྱི་ཁྲིམས་འཛུགས་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་འབྲེལ་རང་ལྗོངས་ཀྱི་ཁྲིམས་འཛུགས་ལས་དོན་གྱི་ལམ་སྲོལ་སྔར་བས་འཐུས་ཚང་དུ་བཏང་སྟེ་ཁྲིམས་འཛུགས་ལ་བརྟེན་ནས་སྒྱུར་བཅོས་ལ་ཁྲིད་སྟོན་དང་སྐུལ་འདེད་བཏང་ཡོད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར་གཞིགས་ན། ལོ་གཅིག་རིང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་དྲུག་བཟོས་པ་དང་།བཟོ་བཅོས་བརྒྱབ་པ། ཆོག་མཆན་སྤྲད་པ་བཅས་བྱས་པ་མ་ཟད། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དགུ་ཉན་པ་དང་གྲོས་ཞིབ་བྱས་པ་དང་། ཁྲིམས་འཛིན་ཞིབ་བཤེར་ཐེངས་6དང་། ཆེད་དོན་ཇུས་འདྲི་ཐེངས་2 རྗེས་སྙེག་ལྟ་སྐུལ་ལས་སྒྲུབ་ཐེངས་5 ཆེད་དོན་བརྟག་ཞིབ་ཁག་3 ཚད་ལྡན་རང་བཞིན་གྱི་ཡིག་ཆ་15ལ་ཞིབ་བཤེར། གྲོས་ཆོད་གཏན་འབེབས་ཁག་8བཏོན་པ་བཅས་ལས་དོན་ཁག་ལ་འཕེལ་རྒྱས་གསར་པ་དང་ཕན་འབྲས་གསར་པ་ཐོན་པ་དང་འབྲེལ་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཕུལ་ཡོད།

    གཙོ་གནད་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ལ་ཤུགས་སྣོན་བརྒྱབ་པས་ཁྲིམས་སྲོལ་སྤུས་ཚད་ལེགས་སུ་ཕྱིན་པ།

    ཁྲིམས་འཛུགས་སྤུས་ཚད་དེ་བཅའ་ཁྲིམས་ཁྲིམས་སྲོལ་གྱི་ལག་བསྟར་ཕན་འབྲས་དང་ཐད་ཀར་འབྲེལ་བ་ཡོད་པ་དང་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་དང་ཁྲིམས་སྐྱོང་བོད་ལྗོངས་བསྐྲུན་རྒྱུར་སྐུལ་འདེད་གཏོང་བའི་རྒྱབ་ལྗོངས་ཆེན་པོའི་འོག་ཁྲིམས་འཛུགས་ཀྱི་སྤུས་ཚད་མཐོ་རུ་ཕྱིན་པ་དང་། ཁྲིམས་སྲོལ་གྱི་དམིགས་སའི་རང་བཞིན་དང་། བཀོལ་སྤྱོད་རང་བཞིན། སྤྱོད་བདེའི་རང་བཞིན་བཅས་ཆེ་རུ་ཕྱིན་པ། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཚང་མ་ལག་ལེན་དང་མི་དམངས་ཀྱི་ཞིབ་བཤེར་ཉམས་སད་ཐེག་ཐུབ་པ་བཅས་ནི་འདི་ལོའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཀའི་གལ་ཆེའི་ནང་གི་འགངས་ཆེ་ཡིན།

    རྒྱལ་ཁབ་ཁྲིམས་འཛུགས་ཀྱི་དུས་བབ་གསར་པ་དང་། ལས་འགན་གསར་པ། བླང་བྱ་གསར་པ་བཅས་དང་འཚམ་ཆེད། 2015ལོར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས《བོད་རང་སྐྱོང་ལྗོངས་སྐབས་བཅུ་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལོ་ལྔའི་ཁྲིམས་འཛུགས་འཆར་འགོད(2013—2017)》ལ་ལེགས་སྒྲིག་བྱས་པར་བརྟེན་ཁྲིམས་འཛུགས་དང་སྒྱུར་འཕེལ་བརྟན་གསུམ་གྱི་ཐབས་ཇུས་དེ་བས་ལེགས་པའི་སྒོ་ནས་འབྲེལ་མཐུད་ཐུབ་པ་བྱུང་ཡོད།

    ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་དོ་དམ་སྲོལ་ཡིག་བཟོས་ནས་དོ་དམ་གྱི་འགན་འཁྲི་དང་། སྲུང་སྐྱོབ་འཆར་འགོད། ཞིབ་འཇུག་བེད་སྤྱོད་སོགས་ཀྱི་ལམ་ལུགས་བྱེད་ཐབས་སྔར་བས་འཐུས་ཚང་དུ་བཏང་བ་དང་། ཁྲག་སྦྱིན་འབུལ་བའི་བཅའ་ཁྲིམས་ལག་བསྟར་བྱེད་ཐབས་བཟོས་ནས་རིན་མེད་ཁྲག་སྦྱིན་འབུལ་རྒྱུར་སྐུལ་འདེད་བཏང་བ་དང་ཁྲག་རྒྱུན་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་མི་དམངས་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་འགན་ལེན་བྱས་པ། ན་སོ་དར་ལ་མ་བབས་པའི་མིའི་ཉེས་གསོག་སྔོན་འགོག་བཅའ་ཁྲིམས་ལག་བསྟར་བྱེད་ཐབས་བཟོས་ནས་འབྲེལ་ཡོད་ཕྱོགས་ཁག་གི་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ལ་སྐུལ་འདེད་བཏང་བ་དང་ན་སོ་དར་ལ་མ་བབས་པའི་མིའི་ཉེས་གསོག་སྔོན་འགོག་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་ཁྱིམ་ཚང་འཆམ་མཐུན་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱས་པ། ལྷ་ས་གྲོང་ཁྱེར་གྱི་སྡེ་ལས་དོ་དམ་སྲོལ་ཡིག་ལ་ཞིབ་བཤེར་བྱས་པ་དང་ཆོག་མཆན་སྤྲད་པར་བརྟེན་སྡེ་ལས་དོ་དམ་ཚན་རིག་དང་མཐུན་པ་དང་ཚད་ལྡན་དུ་འགྱུར་རྒྱུར་སྐུལ་མ་ཐེབས་པ་དང་གྲོང་ཁྱེར་དོ་དམ་གྱི་ཆུ་ཚད་མཐོ་རུ་ཕྱིན་པ། རྩྭ་ཐང་བཅའ་ཁྲིམས་ལག་བསྟར་བྱེད་ཐབས་ཀྱི་འབྲེལ་ཡོད་དོན་ཚན་ལ་བཟོ་བཅོས་བརྒྱབ་ནས་སྲིད་གཞུང་གི་འགན་ནུས་སྒྱུར་རྒྱུར་རྒྱབ་སྐྱོར་དང་སྐུལ་མ་ཐེབས་པ་བཅས་ཡིན། ལོ་གཅིག་རིང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གསོན་ཉམས་དོད་པའི་ཁྲིམས་འཛུགས་ལག་ལེན་རེ་རེའི་ཐོག་ནས་ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་དམངས་གཙོའི་ཁྲིམས་འཛུགས་ལ་གསལ་བཤད་ཡག་པོ་བྱས་ཡོད།

    ཕྱོགས་བསྡུས་ཐོག་ལྟ་སྐུལ་བྱེད་ཐབས་སྤྱད་པར་བརྟེན་ལྟ་སྐུལ་ཕན་འབྲས་ལེགས་སུ་ཕྱིན་པ།

    2015ལོའི་ཟླ་5ཚེས་21ཉིན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་བདུན་པའི་ཐོག་དམིགས་བསལ་གྱི“ཡིག་རྒྱུགས”བྱས་པ་སྟེ།

    “གྲོང་ཁྱེར་ལྟེ་བའི་ཁུལ་དུ་རླངས་འཁོར་བསྐྱོད་དཀའ་བ་དང་རླངས་འཁོར་འཇོག་ས་དཀོན་པའི་གནད་དོན་མངོན་གསལ་དོད་དུ་འགྲོ་བཞིན་འདུག སྲིད་གཞུང་འགན་ནུས་སྡེ་ཚན་གྱིས་ཐག་གཅོད་ཇི་ལྟར་བྱེད་དམ”“གང་འདྲ་བྱས་ཏེ་གྲོང་གསེབ་ཀྱི་འགྲུལ་སྐྱེལ་འཕེལ་རྒྱས་ཀྱི་སྤྱིའི་འཆར་གཞི་བཟོ་རྒྱུ་ཡིན་ནམ། གང་འདྲ་བྱས་ཏེ་གྲོང་གསེབ་ཀྱི་འགྲུལ་སྐྱེལ་དུས་གཏན་རླངས་འཁོར་ལམ་ཐིག་བཟོ་རྒྱུ་ཡིན་ནམ”ཆུ་ཚོད་གསུམ་ཙམ་གྱི་ཇུས་འདྲིའི་ནང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་མི་སྣས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གླེང་མང་བ་དང་དཀའ་གནད་རེ་རེ་བྱས་ནས་རང་སྐྱོང་ལྗོངས་སྡེ་ཚན་ཁག་གི་འགོ་ཁྲིད་གཙོ་བོར་ཞུས་པ་རེད།

    ཕྱི་ཚུལ་ཙམ་མིན་པ་དང་། གནད་དོན་གནད་ལ་འཁེལ་བ། ལན་ཁ་གསལ་བརྒྱབ་པ་བཅས་ཕྱོགས་གཉིས་པོའི་དབར་དྲི་བ་འདོན་པ་དང་དྲིས་ལན་འདེབས་པའི་རྣམ་པའི་ཁྲོད་ནས་ང་ཚོས་ལྟ་སྐུལ་པའི་འོས་འགན་དང་དོ་ཁུར་དང་དེ་བཞིན་སྲིད་འཛིན་པའི་ལས་སྒྲུབ་དང་འགན་འཁྲི་འཁུར་ཕོད་པའི་རྣམ་པ་མཐོང་བྱུང་།

    ལོ་གཅིག་རིང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཕྱོགས་བསྡུས་ཐོག་ཁྲིམས་གཏན་གྱི་ལྟ་སྐུལ་བྱ་ཐབས་སྣ་ཚོགས་སྤྱད་པ་དང་། རྗེས་སྙེག་ལྟ་སྐུལ་ལས་དོན་སྒྲུབ་ཤུགས་ཆེ་རུ་བཏང་བ། བསམ་འཆར་ལ་གྲོས་ཞིབ་ལས་དོན་བསྒྲུབ་རྒྱུ་ལེགས་སུ་བཏང་བ། དཔལ་འབྱོར་འཁོར་སྐྱོད་ལྟ་སྐུལ་ལ་སྔར་བས་ཤུགས་སྣོན་བརྒྱབ་པ། མདོ་གནད་དང་གླེང་མང་བའི་གནད་དོན་ལ་ལྟ་སྐུལ་བྱས་པ། དམངས་འཚོའི་ཁྱབ་ཁོངས་ལྟ་སྐུལ་ལ་མཐོང་ཆེན་བཅས་བྱས་པར་བརྟེན་ལྟ་སྐུལ་གྱི་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད་པ་རེད།

    འཆར་གཞི་དང་། སྔོན་རྩིས། རྩིས་བཤེར་བཅས་ཀྱི་སྙན་ཞུ་གསན་པ་དང་གྲོས་ཞིབ་བྱས་པ་དང་འབྲེལ་དཔལ་འབྱོར་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་གནད་དོན་གལ་ཆེན་གྱི་ཆེད་དོན་བརྟག་ཞིབ་ལས་དོན་སྤེལ་རྒྱུ་གཙོ་གནད་དུ་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་དོན་འཁྱོལ་ལ་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་རྩ་གནད་ལ་ཞིབ་བཤེར་ཆོག་མཆན་སྤྲོད་རྒྱུར་གྲ་སྒྲིག་བྱས་ཡོད། རྒན་རྒོན་དང་བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་ཐད་བཅའ་ཁྲིམས་ཁྲིམས་སྲོལ་དང་ཁྲིམས་འཛིན་ཞིབ་བཤེར་གྱི་ལས་དོན་སྤེལ་ནས་ན་རྒན་བྱ་གཞག་དང་བུད་མེད་ཀྱི་ལས་དོན་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་འཚམ་རྒྱུར་སྐུལ་འདེད་བཏང་ཡོད། ལས་རིགས་སློབ་གསོའི་བཅའ་ཁྲིམས་ཁྲིམས་སྲོལ་དང་། ལུས་རྩལ་བཅའ་ཁྲིམས། རི་འཛེག་སྲོལ་ཡིག་བཅས་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱས་པ་དང་བཟའ་བཅའི་བདེ་འཇགས་ལས་དོན་གྱི་ཆེད་དོན་བརྟག་ཞིབ་ལས་དོན་སྒྲིག་འཛུགས་བྱས་ནས་སྤེལ་བ་དང་སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ། སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་དུ་ལོངས་སྤྱོད་བྱས་ཏེ་མི་རིགས་ཁག་གི་མི་དམངས་ལ་དེ་བས་མང་བའི་ཐོབ་སེམས་ཐོབ་པ་བྱས་ཡོད། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་བཅའ་ཁྲིམས་ལྟ་སྐུལ་དང་ལས་དོན་ལྟ་སྐུལ་དེ་རྒྱུན་གཏན་རང་བཞིན་གྱི་ལས་དོན་ལ་བརྩིས་ནས་ཆུ་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས་ཁྲིམས་འཛིན་ཞིབ་བཤེར་ལས་དོན་སྤེལ་བ་དང་2015ལོའི་ཀྲུང་ཧྭ་ཁོར་ཡུག་སྲུང་སྐྱོང་གི་དུས་རབས་བྱ་སྤྱོད—བོད་ཀྱི་བྱ་སྤྱོད་བྱེད་སྒོ་སོགས་སྒྲིག་འཛུགས་དང་ལག་བསྟར་བྱས་པ་དང་རྒྱུན་སྲིང་ལྷོད་མེད་ཀྱི་སྒོ་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་ལྗང་མདོག་འཕེལ་རྒྱས་འདུ་ཤེས་དྲིལ་བསྒྲགས་དང་ཁྱབ་གདལ་ཤུགས་ཆེན་བཏང་བར་བརྟེན། མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་རྒྱུར་གྲུབ་འབྲས་གསར་པ་ཐོབ་ཡོད།

    འཐུས་མིའི་བྱེད་པོའི་གནས་བབ་མངོན་པ་དང་འཐུས་མིའི་ལས་སྒྲུབ་ནུས་པ་ཆེ་རུ་ཕྱིན་པ།

    2015ལོའི་ཟླ་བཞི་པར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཞིས་རྩེ་གྲོང་ཁྱེར་དུ་ལྗོངས་ཡོངས་ཀྱི“མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ་ཚང”གསར་གཏོད་དང་ཁྱབ་གདལ་གཏོང་བའི་མཉམ་མྱོང་སྤེལ་རེས་ཀྱི་ས་གནས་ས་ཐོག་གི་ཚོགས་འདུ་འཚོགས་པ་དང་ཧྲུའུ་ཅི་ཁྲེན་ཆོན་གོའི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས“མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ་ཚང”ཕྱོགས་ཡོངས་ནས་སྐྲུན་འགོ་ཚུགས་ཡོད།

    ལོ་གཅིག་རིང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་ཁྱབ་ཁོངས་ཀྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་60ལྷག་ཙམ་གདན་ཞུ་བྱས་ཏེ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་ཟུར་ཞུགས་གནང་བ་དང་གཞི་རིམ་མི་དམངས་འཐུས་ཚོགས་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས་ནས་འཐུས་མི་རྣམས་ཁྲིམས་འཛུགས་དང་། ལྟ་སྐུལ། བརྟག་ཞིབ། ཕྱི་དོན་སོགས་བྱེད་སྒོའི་ནང་ཞུགས་རྒྱུར་གདན་ཞུ་བྱས་པར་བརྟེན། འཐུས་མི་དང་རྒྱུན་དུ་འབྲེལ་བ་བྱ་རྒྱུ་ཟབ་ཏུ་ཕྱིན་པ་དང་འབྲེལ་འཐུས་མིའི་གནས་ཚུལ་ཤེས་དབང་དང་སྲིད་ཇུས་ཤེས་དབང་གི་ཐབས་ལམ་ཇེ་ཡངས་སུ་ཕྱིན་ཡོད་པ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་འཐུས་མིས་བཏོན་པའི་གྲོས་གཞི་དང་གྲོས་འགོ་ཚང་མ་གཏན་འཁེལ་བྱས་པའི་དུས་བཅད་ནང་བསྒྲུབས་པ་དང་འབྲེལ་འཐུས་མིར་ལན་བཏབ་པའི་ནང་སྲིད་གཞུང་ཁོངས་གཏོགས་ཀྱིས་བསྒྲུབ་རྒྱུའི་གྲོས་འགོ་དང་འཐུས་མིས་བཏོན་པའི་གནད་དོན་ཐག་གཅོད་ཟིན་པའམ་ཡང་ན་རྩ་བའི་ཆ་ནས་ཐག་གཅོད་བྱུང་བ་དང་ཐག་གཅོད་བྱེད་བཞིན་པའམ་ཡང་ན་འཆར་གཞིའི་ནང་བཞག་ནས་རིམ་བཞིན་ཐག་གཅོད་བྱ་རྒྱུ་བཅས་ཀྱིས་70%བཟུང་ཡོད་པ་དང་འབྲེལ་བྱ་བ་སྒྲུབ་པའི་ལས་ཕྱོད་མཐོ་རུ་ཕྱིན་པ་དང་འབྲེལ་ཡོད་གནད་དོན་དོན་འཁྱོལ་དང་ཐག་གཅོད་བྱ་རྒྱུར་སྐུལ་མ་ཐེབས་ཡོད་པ་རེད།

    བོད་དུ་ཡོད་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྒྲིག་འཛུགས་བྱས་ནས་ལས་གྲྭའི་རྣམ་གྲངས་གལ་ཆེན་དང་དམངས་འཚོའི་གནད་དོན་གལ་ཆེན་ལ་བརྟག་ཞིབ་བྱས་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་རྩ་གནད་ཀྱི་འཆར་ཟིན་ཐད་ཞིབ་བཤེར་བྱ་རྒྱུར་དམིགས་ནས་གཅིག་སྡུད་ལྟ་ཞིབ་ཀྱི་ལས་དོན་སྤེལ་བ་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱིས་བཀོད་སྒྲིག་བྱས་པའི་ཆེད་དོན་སློབ་སྦྱོང་ནང་ཞུགས་པ་དང་འབྲེལ་གཞི་རིམ་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྒྲིག་འཛུགས་བྱས་ནས་ནང་སར་སློབ་སྦྱོང་རྟོག་ཞིབ་དང་འགན་ནུས་སྒྲུབ་པའི་ཐད་ཉམས་མྱོང་སྤེལ་རེས་བྱས་པར་བརྟེན་འགན་ནུས་སྒྲུབ་པའི་ནུས་པ་སྔར་བས་ཆེ་རུ་ཕྱིན་ཡོད།

མཛའ་འབྲེལ་དྲ་བ།
010020070840000000000000011100001350494571